《ཚོན་རིས་ཀྲུང་གོའི་ལོ་རྒྱུས》ཞེས་པའི་དཔེ་ཚོགས་ངོ་སྤྲོད་དང་གདེང་འཇོག

来源:   作者:  发布日期: 2019-12-06 09:51

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁངགངས་རྒྱན་ན་ཆུང་ཚགས་པརརྩོམ་སྒྲིག་ཁང་གིས་ཡིག་སྒྱུར་དང་པར་སྒྲིག  རྩོམ་སྒྲིག་བཅས་བྱས་པའིཚོན་རིས་ཀྲུང་གོའི་ལོ་རྒྱུསཞེས་པའི་དཔེ་ཚོགས་འདིར་ཁྱོན་བསྡོམས་དེབ48ཡོད་ལ། 2018ལོར་ལས་གཞིའི་མགོ་བརྩམས་ཏེ། 2019ལོའི་ཟླ9པར་སྒྲིག་རིམ་དང་པོའི་དེབ24དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས།

དཔེ་ཚོགས་འདིའི་རྒྱ་ཡིག་གི་མ་རྩོམ་ནི་མུ་འབྲེལ་རི་མོའི་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་། རྒྱའི་ཀློག་མཁན་ཁྲོད་ཧ་ཅང་དགའ་བསུ་ཐོབ་པའི་ཆུང་འབྲིང་སློབ་མའི་ཀློག་དེབ་ཅིག་ཡིན་ལ། རྒྱ་ཡིག་གི་དཔེ་ཚོགས་ས་ཡ་གཅིག་ལྷག་བཀྲམ་པར་གྲགས།

ཀྲུང་གོ་ནི་འཛམ་གླིང་སྟེང་གནའ་བོའི་ཤེས་རིག་ལྡན་པའི་རྒྱལ་ཁབ་བཞིའི་ཁྲོད་ཀྱི་གཅིག་ཡིན་ལ། ཀྲུང་གོའི་ཤེས་རིག་གི་ལོ་རྒྱུས་རྒྱུན་རིང་ཞིང་། ལོ་ངོ་སྟོང་ཕྲག་འགའི་རིང་དུ། སྔ་ཕྱིར་གདོད་མའི་སྤྱི་ཚོགས་དང་། ཞ་ཧྲང་ཀྲོའུ། ཁྲུན་ཆིའུ། ཀྲན་གོ  ཆིན། ཧན་ནུབ་མ། ཧན་ཤར་མ། རྒྱལ་ཁབ་གསུམ། ལྕིན་ནུབ་མ། ལྕིན་ཤར་མ། རྒྱལ་རབས་ལྷོ་བྱང་། སུའེ། ཐང་། རྒྱལ་རབས་ལྔ། སུང་། ལིའོ། མི་ཉག ཅིན། ཡོན། མིང་། ཆིང་སོགས་ལོ་རྒྱུས་ཀྱི་དུས་སྐབས་མང་བོ་བརྒྱུད་པ་ཡིན། དཔེ་ཚོགས་འདི་ནི་ལོ་རྒྱུས་དངོས་ལ་གཞི་བཅོལ་ཏེ་དཀྱོག་བཟོ་སོགས་གང་ཡང་མ་བྱས་པར་དངོས་ཐོག་བདེན་འཚོལ་གྱིས་ལོ་རྒྱུས་ཀྱི་དོན་རྐྱེན་རབ་བཏགས་རི་མོའི་ལམ་ནས་བྲིས་པ་ཞིག་ཡིན་ཏེ། དཔེར་ན། ཧུང་མེན་གསོལ་སྟོན་དང་། གཡང་ཊི་ཇི་བཞིན་ཀྲའོ་ལ་སྤྲད་པ། ཀྲོང་ཀྲོའུ་ཡིས་ཕྱེ་མ་ལེབ་རྨིས་པ། ཇུས་མཁས་པ་སུའུ་ཆིན་སོགས་ངོ་མཚར་བའི་ལོ་རྒྱུས་གཏམ་རྒྱུད་རྣམས་གསོན་ཉམས་ལྡན་པའི་རབ་བཏགས་རི་མོའི་སྒྱུ་རྩལ་ལ་བརྟེན་ནས་བྲིས་པར་ཀློག་པ་པོ་རྣམས་ཡིད་རྟོན་རུང་ཞིང་། མི་སྣ་ཕན་ཚུན་བར་ཁ་བརྡ་བྱེད་པའི་ཚུལ་གྱིས་མིག་མཐོང་ལག་ཟིན་གྱི་དངོས་བྱུང་གི་ལོ་རྒྱུས་གཏམ་རྒྱུད་མང་བོ་མངོན་པར་མཚོན་ཡོད་པས། སློབ་མ་ཚོས་ཡིག་རིས་ཟུང་འབྲེལ་སྒོས་དཔེ་ཀློག་བྱས་ན་སྤྲོ་བ་འཕེལ་ཅིང་མཚར་སྣང་སྐྱེས་ཏེ། དེབ་གཅིག་བཀླགས་རྗེས་ད་དུང་མུ་མཐུད་དུ་དེབ་རྗེས་མའི་ལྷག་ཏུ་ངོ་མཚར་བའི་ལོ་རྒྱུས་གཏམ་རྒྱུད་ལ་རོལ་མྱོང་བྱེད་འདོད་པ་ཞིག་ཡིན་པས། བློ་བདེ་བག་ཕེབས་སྒོས་ལོ་རྒྱུས་ལ་རྒྱུས་ལོན་དང་ཟབ་ཞུགས་བྱེད་ཐུབ་ལ། དེ་ལས་བློ་བསྐྱེད་འབྱུང་ཐུབ་པ་ཡིན།

བོད་ཁུལ་གྱི་ཆུང་འབྲིང་སློབ་མ་རྣམས་ལ་མཚོན་ན། ཡུལ་དུས་ཀྱི་དབང་གིས་རྒྱའི་སྐད་ཡིག་གི་ལམ་ནས་ལོ་རྒྱུས་དེབ་ཕྲེང་འདི་འདྲ་ཀློག་འདོན་བྱེད་པར་སྐད་བརྡའི་བཀག་རྒྱ་ངེས་ཅན་ལྡན་པས། གངས་རྒྱན་ན་ཆུང་ཚགས་པརརྩོམ་སྒྲིག་ཁང་གིས་ལས་གཞི་འདིའི་མགོ་མཇུག་བར་གསུམ་ལ་དཀའ་བ་སྤྱད་ཅིང་། ཡིག་སྒྱུར་དང་པར་སྒྲིག  རྩོམ་སྒྲིག་བཅས་རིམ་པ་སོ་སོའི་བྱ་བ་ནན་ནན་ཏིག་ཏིག་གིས་ཡོངས་འགྲུབ་བྱས། ལྷག་པར་ཏུ་ཡིག་སྒྱུར་ཐད་མ་ཡིག་དང་བསྟུན་ནས་བོད་ཡིག་ཏུ་བསྒྱུར་ཞིང་། སྐབས་བབས་སུ་འཕྲད་པའི་དཀའ་གནད་དག་ཕན་ཚུན་གྲོས་མོལ་དང་ཡང་ན་ཉམས་མྱོང་ཕུན་སུམ་ཚོགས་པའི་རྩོམ་སྒྲིག་པ་རྒན་རབས་དག་གི་མཛུབ་སྟོན་འོག་སྒྱུར་སྒྲིག་བྱས་ཡོད།     

མདོར་ན། སྤུས་ཚད་ལྡན་ཞིང་ཕན་ཐོགས་པའི་དཔེ་ཚོགས་ཤིག་ཀློག་པ་པོ་ཀུན་ལ་བསམ་བློའི་རྒྱགས་ཕྱེའི་ཚུལ་དུ་འབུལ་རྒྱུ་ནི་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ཡིན། དཔེ་ཚོགས་འདིའི་སྒྲིག་རིམ་གཉིས་པའི་དེབ24ཡང་མི་འགྱང་བར་པར་སྐྲུན་འགྲེམས་སྤེལ་བྱེད་འཆར་ཡོད་པས། རྒྱ་ཆེའི་ཀློག་པ་པོ་ཀུན་གྱིས་མུ་མཐུད་དུ་དོ་ཁུར་དང་མངགས་ཉོ་བྱེད་པར་འཚམ།

                                                              མཚོ་སྔོན་ཟི་ལིང་།     ལྕགས་མོ་བྱམས།

 

图书搜索

最新书评

更多