ཧུའུ་ཅིན་ཐའོ་ཡིས་ཐེ་གོའི་ཙུང་ལི་དབྱིན་ལཱ་ལ་མཇལ་འཕྲད་གནང་བ།

[རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།][སྤེལ་དུས། 2012-04-19]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས18ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐེ་གོའི་ཙུང་ལི་དབྱིན་ལཱ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས18ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐེ་གོའི་ཙུང་ལི་དབྱིན་ལཱ་ལ་མཇལ་འཕྲད་གནང་།

ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་དང་ཐེ་གོའི་བར་འབྲེལ་བ་བཙུགས་ཏེ་ལོ37འགོར་བའི་རིང་ལ། རྒྱལ་སྤྱིའི་གནས་བབ་དང་རྒྱལ་ནང་གི་གནས་ཚུལ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། རྒྱལ་ཁབ་གཉིས་ཀྱིས་ནམ་ཡང་ལྷག་བསམ་ཟོལ་མེད་ཀྱིས་ཕན་ཚུན་རོགས་རམ་བྱས་པས། ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་གོང་འཕེལ་དུ་སོང་། ཀྲུང་གོ་དང་ཐེ་གོའི་མཛའ་བརྩེ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་དགོངས་འཆར་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཐུན་མོང་གི་འདོད་བློར་གྱུར་ཡོད་ཅེས་གསུངས།

ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ཀྲུང་གོ་དང་ཐེ་གོ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་གོ་སྐབས་སུ་བརྩིས་ཏེ། རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ཡིད་ཆེས་དང་ཁྱིམ་མཚེས་ཀྱི་མཛའ་བརྩེ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཐེ་གོའི་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ཀྱི་ཐུན་མོང་འགུལ་སྐྱོད་འཆར་གཞི་གཉིས་པ་དང་འབྱོར་ཚོང་མཉམ་ལས་ཀྱི་ལོ་ལྔའི་འཕེལ་རྒྱས་འཆར་གཞི་མཛུབ་སྟོན་དུ་བཟུང་ནས། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་ཕན་ཚུན་བར་གྱི་དངུལ་གཏོང་སྔར་ལས་རྒྱ་བསྐྱེད་དེ། ཕྱོགས་གཉིས་ཀྱི་ཉོ་ཚོང་གི་དམིགས་འབེན་གསར་བ་སྔ་མོ་ནས་མངོན་འགྱུར་བྱེད་ཆེད་མཉམ་དུ་འབད་བརྩོན་བྱེད་དགོས། ཕྱོགས་གཉིས་ཀྱིས་འགོག་སྲུང་བདེ་འཇགས་ཀྱི་ཁྲིམས་འཛིན་མཉམ་ལས་མུ་མཐུད་དུ་སྤེལ་བ་དང་། འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་མཉམ་དུ་ཆམ་ཕབ་བཏང་ནས། རང་སོ་སོ་དང་རང་ས་ཁུལ་གྱི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། ཕྱོགས་གཉིས་ཀྱིས་རིག་གནས་བརྗེ་རེས་ཀྱི་ཡངས་ཚད་དང་ཟབ་ཚད་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཐེ་གོའི་སྲོལ་རྒྱུན་མཛའ་བརྩེར་རྒྱུན་ཆད་མེད་པར་གསོན་ཤུགས་གསར་བ་རྒྱས་པར་བྱེད་དགོས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་མཉམ་དུ་ཡར་སྐུལ་བྱེད་དགོས། ཀྲུང་གོས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆབ་སྲིད་ཡིད་ཆེས་དང་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་དང་ཨེ་ཤ་ཡ་ཤར་མའི་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

དབྱིན་ལཱ་ཡིས་བཤད་རྒྱུར། ཀྲུང་གོས་ཡུན་རིང་པོར་ཐེ་གོ་ལ་རྒྱབ་སྐྱོར་དང་མཉམ་ལས་རྩ་ཆེན་བྱས་ཤིང་། ན་ནིང་ཐེ་གོར་ཆུ་ལོག་གི་གནོད་འཚེ་བྱུང་རྗེས། ཀྲུང་གོས་མྱུར་དུ་རོགས་སྐྱོར་བྱས་པས། ཐེ་གོས་དེར་བཀའ་དྲིན་ཞུས་པ་ཡིན། ང་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་ནས། ཀྲུང་གོའི་མགོ་ཁྲིད་པའི་བར་དུ་ཐེ་གོ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་ལ་གཏོང་བའི་ཐད་ནས་གལ་ཆེ་བའི་ལྟ་ཚུལ་གཅིག་མཐུན་བྱུང་བ་དང་། ཕྱོགས་གཉིས་ཀྱིས་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ཀྱི་ཐུན་མོང་འགུལ་སྐྱོད་འཆར་གཞི་གཉིས་པ་བཀོད་དེ། རྗེས་ཕྱོགས་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱེད་པར་ཁ་ཕྱོགས་གསལ་བོ་བསྟན། ཐེ་གོས་ཐེ་གོ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་མཐོ་རིམ་དང་ཏང་ཁག་གི་འགྲོ་འོང་ལ་ཤུགས་བསྣན་ཏེ། འབྱོར་ཚོང་དང་། དངུལ་གཏོང་། ཁོར་ཡུག་སྲུང་སྐྱོབ། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། གནས་སྐོར་དང་སློབ་གསོ། རིག་གནས་བཅས་ཀྱི་བརྗེ་རེས་རྒྱ་བསྐྱེད་འདོད་ཡོད། ཐེ་གོས་ཀྲུང་གོས་ཨེ་ཤ་ཡ་ནས་བཏོན་པའི་ནུས་པ་གལ་ཆེན་ལ་ཧ་ཅང་མཐོང་ཆེན་དང་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བ་གོང་འཕེལ་དུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་བཞག་སྟེ། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་མཉམ་དུ་ཡར་སྐུལ་བྱེད་འདོད་ཡོད་ཟེར། །

 

©2012 Qinhai Etnic Publishing House Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག